འབྲུག་པའི་འགོ་ཁྲིདཔ་བཟང་པོའི་རྒྱུ་འབྲས་འཁོར་ལོ།

1443

འབྲུག་པའི་འགོ་ཁྲིདཔ་བཟང་པོའི་རྒྱུ་འབྲས་འཁོར་ལོ་ཟེར་མི་འདི་ ག་ཅི་ཨིན་ན་སྨོ? གོངམ་དང་གཡོག་གི་བར་ན་ ཁྲེལ་དང་ངོ་ཚ་ཤེས་ཏེ་ ཐ་དམ་ཚིག་བསྟེན་ཏེ་མཛདཔ་ལས་ རྒྱལ་ཁབ་དགའ་སྐྱིད་ཀྱི་ངང་ལུ་གནས་ཚུགས་མི་ཅིག་ལུ་སླབ་ཨིན།  དེ་ཡང་ང་བཅས་རའི་ དང་ཕུག་གི་ ཕམ་ཚུ་གིས་ རྒྱ་ལས་རྒྱ་དམག་དང་ བོད་ལས་དམག་ཐེངས་ལེ་ཤ་ཐོན་རུང་ རང་སྲོག་ཡན་ཆད་ཕངས་སེམས་མེད་པར་བློས་བཏང་སྟེ་ དམག་རྐྱབ་ལས་ ད་རེས་ང་བཅས་ཆ་ཁྱབ་ རོགས་ཀྱི་གདོང་ཁར་ སྤ་ཡུག་ཡུག་སྦེ་ གཡག་ཤུལ་ཀོཝ་དང་ ཕ་ཤུལ་བུ་གིས་འཛིན་ཏེ་ རྒྱལ་ཁབ་རང་དབང་རང་བཙན་སྦེ་ ཉམས་དགའ་བའི་འཕང་རིལ་སྒྱུར་ཏེ་ སྡོད་ཚུགས་མི་འདི་ རྒྱུ་མཚན་དེ་གིས་སྦེ་ཨིན་པས་ཟེར་ཞུ་ནི།  དེ་མ་ཚད་ ད་རེས་ཀྱི་དུས་ལུ་འབད་རུང་ ང་བཅས་རའི་དཔལ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྐུ་སྲོག་ཡན་ཆད་ཕངས་སེམས་མེད་པར་ དམག་གི་དམག་དཔོན་སྦེ་མཛད་དེ་  ཨུལ་ཕ་དང་བོ་དོ་ཚུ་ལས་ དམག་གི་རྒྱལ་ཁ་དཀའ་ཚེགས་མེད་པར་ཐོབ་ཅི། དཔལ་མི་དབང་ འབྲུག་རྒྱལ་ལྔ་པ་མཆོག་གིས་འབད་རུང་ ཀོ་བིཀྲ་༡༩སྐབས་ལུ་ ངལ་བ་དང་དུ་བླངས་ཏེ་ སྐུ་སྲོག་ལུ་ མ་འཛེམས་པར་ ཕྱག་ལཱ་ག་དེམ་ཅིག་མཛད་ཡོད་མེད་འདི་ ཀུན་གྱིས་མཁྱེན་ས་དང་གཟིགས་སར་ཨིན་པས།

དེ་སྦེ་ཨིན་པ་ཅིན་ ཁྲེལ་ངོ་ཚ་དང་ཐ་དམ་ཚིག་གཉིསཔོ་འདི་ རྒྱུ་འབྲས་ཀྱི་འཁོར་ལོ་དང་མཉམ་ཅིག་ག་ཅི་གི་འབྲེལ་བ་ཡོདཔ་སྨོ? ཁྲེལ་ངོ་ཚ་དང་ཐ་དམ་ཚིག་གཉིསཔོ་འདི་ རྒྱུ་དང་ལས་གཉིས་ཨིན་ཟེར་སླབ་ནི། རྒྱུ་ཁྲེལ་དང་ངོ་ཚ་གཉིས་ལུ་བརྟེན་ ལཱ་ཐ་དམ་ཚིག་བསྟེན་འབདཝ་ད་ འབྲས་བུ་ རྒྱལ་ཁབ་དགའ་སྐྱིད་ཀྱི་ངང་ལུ་གནས་ཚུགསཔ་ཨིན། དེ་འབདཝ་ལས་ ལས་རྒྱུ་འབྲས་ཀྱི་དོན་དག་ཧ་གོ་ནིའི་ཆེད་དུ་ འོག་ལུ་ཤོག་ཁྲམ་ནང་ ལས་རྒྱུ་འབྲས་ཀྱི་ སྐོར་ལས་འགྲེལ་བཤད་རྐྱབ་སྟེ་ཡོདཔ་ཨིན། འདི་ན་གཟིགས་གནང་།                                              

                   རྒྱུ་འབྲས་འཁོར་ལོ།

རྒྱུ་འབྲས་ལས་ཀྱི་འཁོར་ལོ་འདི་ནང་ རྒྱུ་གཅིག་ ལས་གཅིག་ འབྲས་བུ་གཅིག་བརྩིས་ཏེ་གསུམ་ཡོད། འབྲས་བུ་གཅིག་དགོ་པ་ཅིན་ ལཱ་གཅིག་འབད་དགོ། ལཱ་མ་འབད་བ་ཅིན་ འབྲས་བུ་མི་ཐོབ། དེ་འབདཝ་ལས་འབྲས་བུའི་དོན་ལུ་ ལཱ་འབད་དགོ་ཟེར་བའི་དོན་ཨིན། ལཱ་འབད་རུང་སོན་ཅིག་མེད་པ་ཅིན་ ལཱ་འབད་ས་མེད་ཟེར་སླབ་ནི། དེ་འབད་ནི་དེ་གིས་ ལཱ་གི་དོན་ལུ་སོན་ཅིག་ངེས་པར་དུ་དགོ་ཟེར་བའི་དོན་ཨིན། དེ་འབདཝ་ལས་ སོན་ལས་བརྟེན་ལཱ། ལཱ་ལས་བརྟེན་འབྲས་བུ་ འབྱུངམ་ཨིན། ཡང་ཅིན་ འབྲས་བུའི་དོན་ལུ་ལཱ། ལཱ་གི་དོན་ལུ་རྒྱུ་དགོཔ་ལས་ དེ་གསུམ་གཅིག་གིས་གཅིག་ལུ་བརྟེན་ཏེ་ འཁོརཝ་ལས་ རྒྱུ་འབྲས་ལས་ཀྱི་འཁོར་ལོ་ཟེར་སླབ་ཨིན།

དེ་འབད་བ་ཅིན་ འབྲས་བུ་ཅིག་འཐོབ་ནིའི་དོན་ལུ་ སོན་ག་ཅི་འབད་རུང་བཏུབ་ཨིན་ན? མི་བཏུབ། འཁོར་ལོ་ནང་བཀོད་དོ་བཟུམ་སྦེ་ འབྲས་བུ་རེད་དགོ་པ་ཅིན་ རྒྱུ་/སོན་རེད་གཅིག་དང་ དེ་དང་འབྲེལ་བ་ཡོད་པའི་ལཱ་གཅིག་ར་འབད་དགོ། རྒྱུ་རེད་ལས་ འབྲས་བུ་རེད་མ་གཏོགས་ འབྲས་བུ་གཞན་མི་འབྱུང་། དེ་བཟུམ་སྦེ་ རྒྱུ་མེ་ཏོག་གི་སོན་ཅིག་ ཨིན་པ་ཅིན་ འབྲས་བུ་མེ་ཏོག་མ་གཏོགས་ འབྲས་བུ་ཨེ་པཱལ་མི་སྐྱེས། དེ་འབདཝ་ལས་ རྒྱུ་འབྲས་གཉིས་ཅོག་འཐདཔ་སྦེ་དགོཔ་ཨིན། དེ་མིན་པ་ཅིན་ མི་ཚུ་གི་སོན་ཀེ་བ་བཙུགསཔ་ད་ ལོ་ཐོག་ རེད་བསྡུ་དགོཔ་འཐོན་འོང་། གཞན་ཡང་ སྐྱུརམོ་ལས་མངརམོ། མངརམོ་ལས་ཁ་ཏིག། ཁ་ཏིག་ལས་ བྲོཝ་གཞན་འདྲ་མིན་སྣ་ཚོགས་ འཐོན་འོང་། དེ་མ་ཚད་ བཀྲ་མ་ཤིསཔ་འབད་མི་ལུ་ གོ་ས་ཐོབ། ལེགས་ཤོམ་འབད་མི་ཚུ་ བཙོན་ཁང་ནང་འཛུལ་དགོ་པའི་ ཉེན་ཁག་འདི་ཚུ་ འཐོན་ནི་ཨིནམ་ལས་ རྒྱུ་ཡོད་ཚད་ཅིགཔ་གིས་བཏུབ། འབྲས་བུ་དང་མཐུན་པའི་རྒྱུ་དེ་ར་དགོཔ་ཨིན།

རྒྱུ། /སོན། 

ལས། / ལཱ། 

འབྲས་བུ། 

རྒྱུ་རང་དབང་རང་བཙན་འདི་

ཀ་ཆེན་བཞི་ལ་སོགས་པའི་ཐབས་ལམ་དེ་གིས་

འབྲས་བུ་དགའ་སྐྱིད་ཀྱི་ངང་ལུ་ གནས་བཅུགཔ་ཨིན།

རྒྱུ་ ཀོ་བིཀྲ་༡༩ འདི་བཀག་ནིའི་ དོན་ལུ་

མི་དབང་མངའ་ཞབས་མཆོག་གིས་ ངལ་བ་དང་དུ་བླངས་ཏེ་ ཕྱག་ལཱ་མཛདཔ་ལས་

འབྲས་བུ་ འབྲུག་མི་ཆ་ཁྱབ་ དགའ་བའི་འཕང་རིལ་འགྱུར་ཏེ་སྡོད་ནི་ཐོབ་སྟེ་ཡོད།

གཞན་གྱི་རྒྱུ་ནོར་

ཨརཝ་བརྐུ་བ་ཅིན་

བཙོན་ཁང་ནང་བཞུགས་ནི་ཨིན།

རྒྱུ་ནོར་ལོངས་སྤྱོད།

སྦྱིན་པ་གཏང་པ་ཅིན་

འབྲས་བུ་ལོངས་སྤྱོད་ཅན་ལུ་འགྱུར་འོང་།

གཞུང་ལུ་ཕྱག་ཕྱིད་

ལེགས་ཤོམ་ཞུ་བ་ཅིན་

རྒྱལ་ཁབ་གོང་འཕེལ་འགྱོ་འོང་།

དཔེ་འབད་བ་ཅིན་ ང་གིས་ཁྱོད་ཀྱི་ཕམ་གྱོང་སར་ འོང་པ་ཅིན་ ངེ་གི་ཕམ་གྱོང་སར་ཡང་ ཁྱོད་འབོ་མི་དགོ་པར་ ལས་ཀྱིས་འོང་མི་འདི་ ང་གིས་རྒྱུ་བཟང་པོ་ཅིག་བསགས་བཞགཔ་ལས་ འབྲས་བུ་བཟང་པོ་ཅིག་འབྱུངམ་ཨིན་པས། དེ་སྦེ་མིན་པར་ ང་གིས་ཁྱོད་ཀྱིས་ཕམ་གྱོངམ་ད་ ཁྱོད་སྡོད་སར་མ་འོང་པ་ཅིན་  ཁྱོད་ཀྱིས་ངེའི་ཕམ་གྱོངམ་ད་ བལྟ་བར་འཐོན་འོང་ག? བལྟ་བར་མི་འོང་མིན་ན? ག་ཅི་སྦེ་ཟེར་བ་ཅིན་ ང་གིས་ཁྱོད་ཀྱི་ཕམ་གྱོངསམ་ད་ བལྟ་བར་མ་འོང་ནི་དེ་གིས་ ངེ་གི་ཕམ་གྱོངསམ་ད་ ཁྱོད་ཀྱིས་བལྟ་བར་མི་འོང་ཟེར་སླབ་ནི། དེ་འབདཝ་ལས་ རྒྱུ་འབྲས་ཀྱི་འཁོར་ལོ་ནང་ལུ་ རྒྱུ་རེད་ལས་ འབྲས་བུ་རེད་ཐོན་དོ་བཟུམ་སྦེ་ རྒྱུ་ཁྲེལ་དང་ངོ་ཚ་ཤེས་ཏེ་ ཕྱག་ལཱ་ཐ་དང་དམ་ཚིག་བསྟེན་པ་ཅིན་  འབྲས་བུ་ རྒྱལ་ཁབ་རང་དབང་རང་བཙན་སྦེ་ གནས་ཏེ་སྡོདཔ་གཟིགས་ཚུགས་པས་ མེན་ན་ཟེར་ཞུ་ནི་ལགས།

ད་རུང་ གོང་གི་ གོ་བརྡའི་ཁ་གསོ་ལུ་ དཔེ་སྟོན་གྱི་ཤོག་ཁྲམ་ཅིག་འོག་ལུ་བཀོད་དེ་ཡོདཔ་ལས་ དེ་ནང་གཟིགས་གནང་ཟེར་ཞུ་ནི་ལགས། དེ་སྦེ་འགོ་ཁྲིདཔ་ཚུ་གིས་ རྒྱུ་འབྲས་ཀྱི་རྣམ་གཞག་ཤེས་པ་ཅིན་ བཟང་ངན་གྱི་རྣམ་གཞག་ཤེས། བཟང་ངན་གྱི་རྣམ་གཞག་ཤེས་པ་ཅིན་ ག་ར་ངན་པ་འཐོབ་ནི་འདི་ དགའ་མི་མེདཔ་ལས་ བཟང་པོ་འཐོབ་ནིའི་དོན་ལུ་ བཟང་པོའི་རྒྱུ་འབྲས་ཀྱི་ལས་ལུ་མི་བརྩོན་ག་ཟེར་ཞུ་ནི། དེ་སྦེ་བཟང་པོའི་རྒྱུ་འབྲས་ལུ་བརྩོན་པ་ཅིན་ ངན་ལྷད་དང་ ཆགས་སྡང་གི་བློ་ཚུ་མི་བསྐྱེད། བློ་དེ་ཚུ་མ་བསྐྱེད་པ་ཅིན་ དྲང་པོའི་ཕྱག་ལཱ་ཚུ་མཛད་ཚུགས། ཕྱག་ལཱ་དྲང་པོ་སྦེ་མཛད་པ་ཅིན་ ངན་ལྷད་བཀག་སྡོམ་དང་། དྲང་ཁྲིམས་ལྷན་སྡེ། ཁྲིམས་སྲུང་འགག་པ་ཚུ་གི་ཕྱག་ལཱ་ཡང་ ལེ་ཤ་མི་འཐོན་ནི་ཨིན་པའི་ཁར་ མི་སྡེ་ལུ་མཐུན་ལམ་དང་ རྒྱལ་ཁབ་ལུ་ཞི་བདེ་རང་བཞིན་གྱིས་ འབྱུང་ནི་ཨིནམ་ལས་ འགོ་ཁྲིད་པའི་ དམིགས་ཡུལ་གྲུབ་འགྱོཝ་ཨིན་ཟེར་ཞུ་ནི། དེ་འབདཝ་ལས་ མཁྱེན་ལྡན་འབྲུག་མི་ཡོངས་ཀྱིས་ འགོ་ཁྲིད་པའི་དམིགས་ཡུལ་འདི་བསྒྲུབ་ནིའི་དོན་ལུ་ ངན་པའི་རྒྱུ་འབྲས་སྤང་། བཟང་པོའི་རྒྱུ་འབྲས་ཀྱི་ལས་ལུ་བརྩོན་ནིའི་དོན་ལུ་ རྒྱུ་འབྲས་ལས་ཀྱི་འཁོར་ལོ་འདི་གི་ གོ་བ་ལེགས་ཤོམ་སྦེ་ལེན་ཏེ་ ག་དེ་མང་མང་བརྩོན་གནང་ཟེར་ཞུ་ནི་ལགས།

Gedun Pelzang is an Assistant Professor of the Royal Institute of Management, Thimphu.
Disclaimer: The views and opinions shared in the RIM Blog is of the authors' and does not represent the views and opinions of the RIM.